ལྷ་སར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་བའི་དགུ་བའི་ཉེར་བདུན་གྱི་རྗེས་དྲན་ཆེད་བོད་མི་ཚོས་གང་སར་ལས་འགུལ་སྤེལ་བཞིན་འདུག

སྤྱི་ལོ་༡༩༨༧་ལོའི་ཟླ་༩པའི་ཚེས་༢༧ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གདན་ས་ཆེན་པོ་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཚོས་སྣེ་ཁྲིད་གནང་ནས་བོད་མི་སེར་སྐྱ་མང་ཚོགས་ཀྱིས་རྒྱ་ནག་གཞུང་གི་བཙན་གནོན་དབང་སྒྱུར་ལ་ཞི་བའི་ངོ་རྒོལ་གནང་བའི་རྗེས་དྲན་ཉིན་མོར། ཚེས་༢༧ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་མངའ་སྡེ་(Haryana)་དང་(Punjab)་གཉིས་ཀྱི་རྒྱལ་ས་(Chandigrah)་ནང་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཞོར་(Chandigrah)་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་ནང་བོད་དོན་ཆེད་གསར་འགོད་བསྒྲགས་གཏམ་སོགས་སྤེལ་ནས་སྲུང་བརྩི་ཞུས་གནང་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་རྒྱ་གར་བྱང་ཕྱོགས་ཀྱི་ས་གནས་གཞོན་ནུ་ཚོགས་པ་ཁག་ཅིག་གིས་གོ་སྒྲིག་གནང་ནས་འདི་ཟླའི་ཚེས་༢༤་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་དང་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་གཙོས་པའི་དབུས་རྒྱུན་ཁག་གཅིག་དང་ཚོགས་མི་ཁྱོན་བསྡོམས་༥༤་ཡིས་ཌེ་ར་དུན་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ནང་ལས་འགུལ་དེ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གིས་དབུ་འབྱེད་གནང་ཡོད་པ་དང་། ལས་འགུལ་འདི་སྤེལ་དགོས་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་་བོད་མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་རྒྱ་གར་ཡུལ་མི་རྣམས་ལ་གོ་རྟོགས་སྤེལ་གནང་རྒྱུ་དང་། རྒྱ་ནག་དམར་ཤོག་གཞུང་འཛིན་གསར་འཛུགས་བྱས་ཏེ་ལོ་༧༥་འཁོར་བའི་དུས་ཆེན་སྲུང་བརྩི་ཟེར་བར་ངོ་རྒོལ་མཚོན་ཕྱིར་ཡིན་འདུག

དེ་བཞིན་ཕྱི་ཟླ་༩་ཚེས་༢༧་ཉིན་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ཀྱང་དགུ་བའི་ཉེར་བདུན་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་ལོ་ངོ་༣༧་འཁོར་བའི་དུས་དྲན་ཉིན་དང་བསྟུན། རྒྱ་གར་བྱང་ཤར་ཨུ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་གི་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་འཁྲུངས་སའི་ཕོ་བྲང་ནས་དབུ་འཛུགས་ཀྱིས་བོད་དོན་དྲིལ་བསྒྲགས་ཆེད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་ས་གནས་ལ་ཡོད་པའི་བོད་མི་དང་ས་གནས་ཡུལ་མི་ཚོས་རྒྱབ་སྐྱོར་གྱིས་ཕེབས་སྐྱེལ་གནང་ཡོད་འདུག

དེ་བཞིན་སྤྱི་ལོ་༡༩༨༧་ལོའི་ཟླ་༩པའི་ཚེས་༢༧ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གདན་ས་ཆེན་པོ་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཚོས་སྣེ་ཁྲིད་གནང་ནས་བོད་མི་སེར་སྐྱ་མང་ཚོགས་ཀྱིས་རྒྱ་ནག་གཞུང་གི་བཙན་གནོན་དབང་སྒྱུར་ལ་ཞི་བའི་ངོ་རྒོལ་གནང་བའི་རྗེས་དྲན་ཉིན་མོར། ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་དང་། ཁེ་ཎ་ཌ་བཅས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁང་སོགས་ཀྱི་མདུན་དུ་རྒྱ་ནག་གཞུང་གིས་མུ་མཐུད་དུ་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བ་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།