ཚངས་དབྱངས་རྒྱ་མཚོ་ཞེས་མཚན་གསོལ་བ་ནི་མོན་རྟ་དབང་ས་ཁུལ་གྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་འབྲེལ་བ་ཤུགས་ཆེ་ཡོད་པ། ཉམས་ཞིབ་པ་ཚོས་འགྲེལ་བརྗོད་གནང་གི་འདུག

2024.09.27
ཚངས་དབྱངས་རྒྱ་མཚོ་ཞེས་མཚན་གསོལ་བ་ནི་མོན་རྟ་དབང་ས་ཁུལ་གྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་འབྲེལ་བ་ཤུགས་ཆེ་ཡོད་པ། ཉམས་ཞིབ་པ་ཚོས་འགྲེལ་བརྗོད་གནང་གི་འདུག རྒྱ་གར་གྱི་ཨ་རུ་ན་ཅལ་ཁུལ་གྱི་རི་བོ་མཐོན་པོ་ཞིག་ལ་༧རྒྱལ་མཆོག་སྐུ་ཕྲེང་དྲུག་པའི་མཚན་རི་བོ་ཚངས་དབྱངས་རྒྱ་མཚོ་ཞེས་མིང་བཏགས་ཡོད་པ།
X /PemaKhanduBJP

* གནས་ཚུལ་ཁ་སྣོན་བྱས་ཡོད།

ཉེ་ལམ་རྒྱ་གར་རྒྱལ་ཡོངས་རི་འཛེགས་དང་རྩེད་རིགས་བསྟི་གནས་ཁང་ (National Institute of Mountaineering & Sports Adventure) གི་རི་འཛེགས་པའི་རུ་ཁག་ཅིག་གིས། ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ཁུལ་གྱི་ (Gorichen Range) ཞེས་པའི་ཕྱོགས་སུ་རྒྱ་མཚོའི་ངོས་ནས་མཐོ་ཚད་ཧྥུ་ཊི་༢༠༩༠༠ཙམ་དང་། ད་བར་མིང་གང་ཡང་འབོད་སྲོལ་མེད་པའི་གངས་རི་མཐོན་པོ་ཞིག་སྟེང་། རི་འཛེགས་ལམ་ལྷོང་དང་འབྲེལ་ཁོང་ཚོས་རི་རྩེ་དེའི་མིང་ལ་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་དྲན་རྟེན་གྱི་ཚུལ་དུ། ཚངས་དབྱངས་རྒྱ་མཚོ་རི་ཞེས་མཚན་གསོལ་པ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་པ་ལྟར། གནད་དོན་དེའི་ཐད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Observer Reserch Foundation) ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་སྐུ་ཞབས་ (Kalpit Mankikar) ལགས་ཀྱིས། ཨ་རུ་ན་ཅལ་ནང་གི་ས་གནས་ཀྱི་རི་བོ་ཤིག་གི་མིང་ལ། ༧གོང་ས་ཏཱ་ལའི་བླ་མ་ཚངས་དབྱངས་རྒྱ་མཚོ་མཆོག་གི་མཚན་ལ་བསྒྱུར་བ་དེ་གལ་ཆེན་པོ་ཞིག་དང་། རྒྱ་ནག་གི་བཙན་གནོན་ལས་བོད་རང་བཙན་ཐོབ་ཐབས་ཀྱི་འཐབ་རྩོད་དྲན་པ་མི་བརྗེད་པར་གནས་རྒྱུར་ཕན་ཐོགས་ཡོད་ཅེས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཡང་འབྲེལ་ཡོད་མོན་ཡུལ་རྟ་དབང་རྫོང་ལུམ་ལཱ་ (BJP) གྲངས་ཉུང་མི་རིགས་ཚོགས་པའི་ཚོགས་གཙོ་འཇིགས་མེད་ཆོས་ཉིད་སྡོམ་རྒྱལ་ལགས་ཀྱིས་གསུངས་ན། རི་བོ་དེར་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་དྲན་རྟེན་གྱི་ཚུལ་དུ་ཁོང་གི་མཚན་གསོལ་ཡོད་པས། གནད་དོན་དེའི་ཐོག་རྒྱ་ནག་གཞུང་ཕྱོགས་ནས་གནོན་ཤུགས་སོགས་ཡོང་རྒྱུའི་རེ་བ་མེད་པ་གསལ་པོ་ཡིན་པ་བཞིན། རི་བོ་དེ་ནི་རྒྱ་གར་གྱི་ས་མཚམས་སུ་ཡོད་པ་ལས་བོད་ཀྱི་ས་མཚམས་སུ་མེད་པ་ནི་གསལ་པོ་ཡིན་པ་དང་། ལྷག་པར་དུ་རྒྱལ་དབང་མཆོག་གི་མཚན་གསོལ་ཡོད་པས་རི་བོ་དེ་ནི་ཤིན་ཏུ་ནས་རྩ་ཆེན་ཞིག་དུ་ཆགས་ཀྱི་ཡོད་པས་མ་འོངས་པ་མོན་ཡུལ་དུ་ཕེབས་མཁན་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་གནས་ཁྱད་པར་ཅན་ཞིག་དུ་འགྱུར་བའི་རེ་བ་ཡོད་ཅེས། འདི་ག་ཨེ་ཤེས་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། ཉམས་ཞིབ་པ་དང་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་གཉན་ཐར་ལགས་ཀྱིས། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ནི་མོན་ཡུལ་དུ་སྐུ་འཁྲུངས་ཡོད་པར་བརྟེན་ས་གནས་དེ་ནི་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བའི་ལོ་རྒྱུས་དང་། གཏམ་རྒྱུད་ཧ་ཅང་མང་པོ་ཡོད་ས་ཞིག་ཡིན་པས། རི་བོ་དེའི་མིང་ལ་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མཚན་གསོལ་དགོས་དོན་ནི། ས་གནས་དེའི་ཆོས་དང་རིག་གཞུང་དར་སྤེལ་དང་རྒྱུན་འཛིན་བྱ་རྒྱུའི་ཐབས་ལམ་ཞིག་ཀྱང་ཆགས་ཀྱི་ཡོད་པ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གནས་ཚུལ་དེའི་ཐད་(AFP)་གསར་ལས་ཁང་གིས་པེ་ཅིན་དུ་ཚོགས་པའི་གསར་འགོད་ལྷན་ཚོགས་ཐོག་འདྲི་རྩད་བྱས་སྐབས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Lin Jian)་ཀྱིས། གནས་ཚུལ་དེ་ཤེས་རྟོགས་མེད་ཚུལ་བཤད་པ་དང་མཉམ། དེ་ནི་བོད་ཀྱི་ལྷོ་ཕྱོགས་རྒྱ་ནག་གི་མངའ་ཁོངས་རེད། དེར་རྒྱ་གར་གྱི་ངོས་ནས་ཨ་རུ་ན་ཅལ་ཟེར་བའི་མངའ་སྡེ་བཙུགས་པ་ནི་ཁྲིམས་འགལ་དང་ནུས་བ་མི་ཐོན་པའི་ལས་དོན་ཞིག་རེད། ང་ཚོས་དེ་ལ་རྒྱ་སྐད་ཐོག་(Zangnan)་ཞེས་བོད་ལྷོ་ཁུལ་འབོད་ཀྱི་ཡོད། མངའ་ཁོངས་དང་ས་མཚམས་ཀྱི་གནད་དོན་ཐད་རྒྱ་ནག་གི་ལངས་ཕྱོགས་ཁ་གསལ་དང་སྲ་བརྟན་ཡིན་ཞེས་ལན་འདེབས་བྱས་འདུག

གཞན་ཡང་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་ཁོང་གི་ (X) སྤྱི་ཚོགས་དྲྭ་ལམ་བརྒྱུད་འདྲ་པར་དང་བཅས། ད་རེས་རི་འཛེགས་པ་རྣམས་ཀྱིས་སྔར་ཚོད་ལྟ་བྱས་མ་མྱོང་བའི་རི་བོ་ཞིག་གི་སྟེང་ལམ་ལྷོང་ལྡན་པའི་ངང་འཛེགས་ཐུབ་པ་བྱུང་བ་དེ། གཟི་བརྗིད་ལྡན་པ་ཞིག་དང་། ད་བར་མིང་མེད་པའི་རི་བོ་མཐོན་པོ་འདིའི་མིང་ལ་མོན་རྟ་དབང་ནས་འཁྲུངས་པ། རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་དྲན་རྟེན་གྱི་ཚུལ་དུ་རི་བོ་ཚངས་དབྱངས་རྒྱ་མཚོ་ཞེས་མིང་བཏགས་པ་ཡིན། འདིས་ཨ་རུ་ན་ཅལ་མངའ་སྡེའི་རིག་གཞུང་ཕྱུག་པོ་དེ་དག་འཛམ་གླིང་གི་མཐོང་ཆོས་སུ་གྱུར་བ་མ་ཟད། མ་འོངས་པར་ཡུལ་སྐོར་སྤྲོ་འཆམ་གྱི་ངོ་བོའི་ཐོག་ནས་མངའ་སྡེའི་ནང་རི་འཛེགས་དང་། གཞན་ཡང་སྤྲོ་འཆམ་དུ་ཡོང་མཁན་གྱི་གྲངས་ཚད་ཀྱང་མང་དུ་འགྲོ་རྒྱུའི་རེ་བ་ཡོད་པ་ཞིག་རེད་ཅེས་བཀོད་ཡོད་པ་རེད།

གནས་ཚུལ་ལྟར་ན། གོང་ཞུས་བསྟི་གནས་ཁང་དེས་རི་བོ་དེར་༧རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོའི་རི་བོ་ཞེས་མཚན་མ་གསོལ་གོང་། རྒྱ་གར་རྒྱལ་ཡོངས་རི་འཛེགས་ཐེབས་རྩ་ཁང་ལ་ཆོག་མཆན་ཞུས་ཏེ་བཀའ་འཁྲོལ་ཐོབ་པ་ཞིག་ཡིན་པ་དང་། ད་ཆ་དངོས་སུ་རྒྱ་གར་གྱི་རི་བོའི་ས་ཁྲའི་སྟེང་འཁོད་ཐུབ་པ་ཡང་བྱུང་ཡོད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།







མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎