ཡོ་རོབ་མཐུན་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་བ་བོད་མི་གཞོན་སྐྱེས་ལས་འགུལ་བ་ཚོས་སྐུལ་འདེད་གནང་འདུག

དེ་ཡང་ཕྱི་ཟླ་༩ ཚེས་༢༣ ནས་༢༦ བར་ཡོ་རོབ་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་འོག ཡོ་རོབ་ཡུལ་གྱི་རྒྱལ་ཁབ་ཁག་༦ནས་བོད་དོན་ལས་འགུལ་བ་གཞོན་སྐྱེས་༡༢་ཙམ་སྦར་སིལ་ཡུལ་དུ་འཛོམས་ནས་བོད་མིའི་ནུས་སྟོབས་གོང་སྤེལ་གྱི་ཉིན་མོར། ཡོ་རོབ་མནའ་འབྲེལ་གྲོས་ཚོགས་ཀྱི་འཐུས་མི་༡༥དང་མཇལ་འཕྲད་གནང་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་འདུག
དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྲིད་བྱུས་འགན་འཛིན་(Vincent Metten)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ནང་གནས་སྡོད་བྱེད་མཁན་བོད་དོན་ལས་འགུལ་བ་བོད་མི་གཞོན་སྐྱེས་༡༢་ཙམ་སྦར་སིལ་ཡུལ་དུ་འཛོམས་ནས། ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་བདམས་ཐོན་བྱུང་བ་མང་པོ་དང་དངོས་སུ་མཇལ་འཕྲད་གནང་ནས་བོད་དོན་ཞུ་གཏུག་གནང་བ་དང་། ཆབ་སྲིད་ཚོགས་པ་ཁག་གི་འཐུས་མི་དང་མཇལ་འཕྲད་གནང་བ་སོགས་བྱས་ཏེ་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ཚོའི་ངོས་ནས་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་དང་། བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་ཁག་ལག་བསྟར་ཡོང་ཐབས། ལྷག་དོན་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་དང་། སྐབས་དེ་དག་ལ་ད་ལྟའི་བོད་ནང་གི་གནས་སྟངས་ཐད་ཀྱི་གནད་དོན་མང་པོ་ངོ་སྤྲོད་དང་གླེང་སློང་གནང་རྒྱུ་བྱུང་ལ་གང་མགྱོགས་ང་ཚོས་ཞུ་གཏུག་དང་རེ་འདུན་ཞུས་པ་ཁག་ལ་དོན་འབྲས་ཡོང་བའི་རེ་བ་གནང་བཞིན་ཡོད། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར་བོད་དོན་དེ་བཞིན་ཡོ་རོབ་ཡུལ་གྱི་ཆབ་སྲིད་ཀྱི་གྲོས་གཞིའི་ནང་འཇོག་ཐབས་བྱེད་རྒྱུ་དེ་གལ་ཆེའི་དགོས་མཁོ་ཡིན་པ་ངོ་སྤྲོད་གནང་བྱུང་།
ཉེ་ལམ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཡོ་རོབ་བོད་ཀྱི་ཆེད་དུ་(EU4Tibet)་ཞེས་པའི་ལས་འགུལ་ནང་ཡོ་རོབ་གྲོས་ཚོགས་ཀྱི་འོས་མི་བརྒྱ་ལྷག་གིས་ཡོ་རོབ་གྲོས་ཚོགས་ནང་འོས་འདེམས་བྱུང་ཚེ་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཐོག་མཚན་རྟགས་བཀོད་ཡོད་པ་རེད།
བོད་མིའི་ནུས་སྟོབས་གོང་སྤེལ་ལས་འགུལ་གྱི་དམིགས་ཡུལ་ནི། ཡོ་རོབ་གྲོས་ཚོགས་ཀྱི་འོས་མི་དེ་དག་གིས་ཞལ་བཞེས་གནང་བ་རྣམས་དངོས་སུ་སྒྲུབ་ཐབས་བྱ་རྒྱུ་དེ་ཡིན་པ་རེད། བོད་མིའི་ནུས་སྟོབས་གོང་སྤེལ་ཉིན་མཉམ་ཞུགས་གནང་མཁན་ཚོར་བོད་དོན་ལས་འགུལ་སྤེལ་ཕྱོགས་ཐད་སྦྱོང་བརྡར་གནང་རྗེས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མི་དང་ཐུགས་འཕྲད་གནང་དུ་བཅུག་ཡོད་པ་དང་། ཁོང་རྣམས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ནང་ཆོས་ལས་དོན་ལ་ཐེ་ཇུས་བྱེད་བཞིན་པ་དང་། བོད་མཐོ་སྒང་གི་ཁོར་ཡུག་ཐད་ཐུགས་ཚབས་ཡོད་པ། ཡོ་རོབ་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པ་སོགས་ཀྱི་གནད་དོན་ཐོག་བགྲོ་གླེང་གནང་འདུག
དེ་བཞིན་ཁོང་རྣམ་པས་ཡོ་རོབ་ཀྱི་ཕྱི་འབྲེལ་ལས་དོན་ཁང་གི་དཔོན་རིགས་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། འཛམ་གླིང་ཡུ་གུར་གྲོས་ཚོགས་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མཇལ་འཕྲད་གནང་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་ལྷན་ཚོགས་ཁག་གི་སྐབས་རྒྱ་ནག་གིས་བཙན་བྱོལ་བོད་མི་ཚོར་ཡང་བཙན་གནོན་བྱེད་བཞིན་པའི་སྐོར་གྱི་སྙན་ཐོ་ཞིག་སྙན་སྒྲོན་གནང་ཡོད་པ་དང་། ཐེ་ཝན་མང་གཙོའི་ཐེབས་རྩ་ཁང་དང་སྦར་སིལ་དུ་ཡོད་པའི་བོད་དོན་ལས་འགུལ་ཁང་གཉིས་ཀྱིས་དེར་རྒྱབ་སྐྱོར་གནང་ཡོད་འདུག
གསར་འགོད་པ། ཚེ་དབང་དངོས་གྲུབ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།